ས་གཞི་མཛེས་མའི་ལུས་པོ།།
མུན་ནག་གོས་ཀྱིས་གཡོགས་སོང་།།
རང་སྦྱོང་རྒན་མོའི་གཉེར་མ།།
ལྟ་བའི་དུས་ལ་བབས་སོང་།།
མིང་སྙན་དུ་མའི་བདག་པོ།།
ན་གཞོན་བོད་ཕྲུག་ཕོ་མོ།།
ཤེས་རིག་སྦྱོང་བའི་གནས་མཆོག།
འཛིན་ཁང་ཕྱོགས་སུ་སླེབས་སོང་།།
སློབ་མའི་མིང་གིས་བརྒྱན་ཡང་།།
སློབ་ལ་སྤྲོ་སྣང་ཞན་པས།།
འཛིན་གྲྭའི་སྒོ་མོ་ཕྱེ་ཡང་།།
ཕྱི་ལ་འགྲེངས་ནས་བསྡད་སོང་།།
ར་ལུག་ལྷས་ལ་བཅུག་ལྟར།།
འཛིན་གྲྭར་བཙུད་དགོས་ཁེལ་སོང་།།
བྱིས་པར་འགྲོ་ལུགས་སློབ་ལྟར།།
སྡོད་ལུགས་འཁྲིད་དགོས་ཐུག་སོང་།།
འཛིན་གྲྭ་རེ་རེར་བསྐྱོད་ནས།།
རྩ་ཆེའི་རང་སྦྱོང་དུས་ཚོད།།
བཀོལ་སྤྱོད་བྱེད་ཚུལ་བརྟགས་པར།།
མཐའ་སྡོམ་འདི་འདྲ་རྙེད་སོང་།།
ད་ལོའི་འཛིན་རིམ་བརྒྱད་པ།།
སྔ་ལོའི་དེ་ལས་ལེགས་ཀྱང་།།
སྒྲིག་སྤྱོད་གཙང་གསུམ་ཞན་ཤོས།།
བརྒྱད་པ་བུམ་པ་རེད་འདུག།
བརྒྱད་པ་བུམ་པའི་འགན་བདག།
གྱད་མི་འདྲ་བ་ཡོད་ཀྱང་།།
འགན་འཁྲིའི་འདུ་ཤེས་མེད་པས།།
འཛིན་གྲྭ་ཆུ་ལ་གཡུགས་སོང་།།
དགུ་པ་བཞི་ཡི་ནང་ནས།།
རང་སྦྱོང་ཚུལ་བཞིན་བྱེད་མཁན།།
འཛིན་རིམ་དགུ་པ་གདུགས་ལས།།
གཞན་ཞིག་ཡོད་པར་མ་མཐོང་།།
དཔེ་དེབ་གཡར་སྐྱེལ་ལ་སོགས།།
ཁག་དཀྲི་སྣ་ཚོགས་བྱས་ནས།།
ཕར་འགྲོ་ཚུར་འགྲོ་བྱེད་མཁན།།
དགུ་པ་མང་ཤོས་རེད་འདུག།
སྔ་ལོའི་འཛིན་རིམ་བཅུ་པ།།
གཅིག་ལས་གཅིག་ཡག་ཡོད་ཀྱང་།།
ད་ལོའི་བཅུ་པ་གདུགས་ལས།།
གཞན་གཉིས་འདོ་མེད་རེད་འདུག།
བཅུ་པ་བུམ་པད་ནང་ལ།།
རང་ཤེད་ཚ་པོ་བྱས་ནས།།
བྱིངས་ལ་གནོད་པའི་བྱ་སྤྱོད།།
རྩོམ་མཁན་མང་པོ་འདུག་གོ།
བཅུ་གཅིག་སྡེ་ཚན་ལྔ་པོ།།
ཚན་རིག་སྦྱོང་མཁན་ཡིན་ཡང་།།
ཚན་རིག་སློབ་མར་མཁོ་བའི།།
འབད་བརྩོན་ཡོད་མཁན་དཀོན་པ།།
རང་སྦྱོང་དུས་ཚོད་གང་པོར།།
ཆོ་མེད་གཏམ་གླེང་བྱས་ནས།།
དུས་ཚོད་ཆུད་ཟོས་གཏོང་མཁན།།
བཅུ་གཅིག་ནང་དུ་མང་བ།།
འདི་གའི་སློབ་མ་དག་གིས།།
རང་སྦྱོང་འདི་ལྟར་བྱེད་པས།།
སློབ་གྲྭ་འདི་ཡི་རྒྱུགས་འབྲས།།
ཇེ་སྡུག་ཇེ་ཞན་རེད་འདུག།
གོ་ཤེས་ཡོད་པར་སྙམ་ནས།།
ད་ལན་ཟུར་ཙམ་བྲིས་ཡོད།།
ད་དུང་ཡར་རྒྱས་མེད་ན།།
རྒྱས་པ་རྗེས་སུ་བྲིས་ཆོག།
བོད་དགེ་སྨྱོན་པ་ནོར་བུ་ཉི་མ་མིང་ཅན་པས་ཕྱི་ལོ་ ༢༠༡༤ ཟླ་ ༠༨ ཚེས་ ༢༦ ཉིན་གྱི་དགོང་དྲོའི་རང་སྦྱོང་བལྟས་རྗེས་བྲིས།
No comments:
Post a Comment