རེ་བ་འབུམ་ཕྲག་བཅོལ་ས་འདི།།
རི་བོ་ཡིན་ན་ཉིལ་བཞིན་འདུག།
མཚོ་མོ་ཡིན་ན་བྲི་བཞིན་འདུག།
ལྗོན་པ་ཡིན་ན་འགྱེལ་བཞིན་འདུག།
མི་རིགས་ལ་རྒྱ་སྐྲུན་ས་འདི།།
ཉི་མ་ཡིན་ན་ནུབ་བཞིན་འདུག།
ཟླ་བ་ཡིན་ན་འགྲིབ་བཞིན་འདུག།
སྐར་མ་ཡིན་ན་གས་བཞིན་འདུག།
འགན་འཁྲི་ཆེན་པོ་ཡོད་ས་འདི།།
ཤོག་བུ་ཡིན་ན་རལ་བཞིན་འདུག།
ཤེལ་སྒོ་ཡིན་ན་ཆག་བཞིན་འདུག།
མེ་ཏོག་ཡིན་ན་རྙིད་བཞིན་འདུག།
ཡ་རབས་བཟང་སྤྱོད་སློབ་ས་འདི།།
བྲག་རྡོ་ཡིན་ན་འཐོར་བཞིན་འདུག།
སྐུད་པ་ཡིན་ན་ཆད་བཞིན་འདུག།
ཤིང་ཏོག་ཡིན་ན་རུལ་བཞིན་འདུག།
དགྲ་བོས་སེམས་ངལ་བྱེད་ས་འདི།།
རྩིག་པ་ཡིན་ན་ལུག་བཞིན་འདུག།
སྒྲོན་མེ་ཡིན་ན་ཟད་བཞིན་འདུག།
སྲོག་ལྡན་ཡིན་ན་འཆི་བཞིན་འདུག།
No comments:
Post a Comment