ཡིད་མཐུན་པའི་མཛའ་མོ་དེ༎
ངན་ནད་ཀྱིས་ད་བར་ཟིན༎
དབུགས་ལེན་ལའང་དཀའ་བའི་དུས༎
ཅི་ཞིག་གིས་ལན་ནམ་སྙམ༎
དྲིན་ཆེ་བའི་གཅུང་མོ་ཡང༌༎
ལུས་བསྙུང་བའི་གཏམ་དེ་གོ།
ཤོད་དཀའ་བའི་སྐད་ཆ་ཡིས༎
སེམས་མི་བདེའི་ཞིང་དུ་དྲངས༎
བློ་ཉེ་བའི་གྲོགས་ཆུང་ལ༎
གེགས་བར་ཆད་ཕྲད་པ་ཐོས༎
བསམ་མ་མྱོང་གནས་ཚུལ་གྱིས༎
དྲན་མ་མྱོང་འཆར་སྒོ་བཞེངས༎
ནོར་འབྱོར་བ་ཡོད་མེད་ཅིང༌༎
ཐོབ་དབང་ཆ་མེད་མཁན་ལ༎
ཕྱོགས་ཡོངས་ནས་གཙེས་མཐོང་དུས༎
ང་སྐྱོ་ནས་སྨྲེ་ངག་ཤོར༎
དུས་ཀུན་ཏུ་འགྲོ་བ་ལ༎
ཐུགས་སྙིང་རྗེས་གཟིགས་པ་ཡི༎
སྐྱབས་བསླུ་མེད་མཆོག་གསུམ་གྱིས༎
དེང་བདག་ལ་གཟིགས་པར་འཚལ༎
2010།10།18
No comments:
Post a Comment