དྲིན་ཆེན་གྱི་ཨ་མ༎
ཕ་ས་རུ་བཞག་ནས༎
སློབ་སྦྱོང་གི་དོན་དུ༎
མི་ཡུལ་དེ་འགྲིམས་ཡིན༎
མི་ཡུལ་ལ་འབྱོར་ནས༎
ལོ་མང་ཞིག་ཕྱིན་སོང༌༎
ཨ་མ་ཡི་ཞལ་རས༎
མཇལ་འདོད་དེ་ཆེ་བ༎
གཤོག་ལྡན་གྱི་བྱ་ཡི༎
ལུས་པོ་རུ་སྤྲུལ་ནས༎
ཨ་མ་ཡི་དྲུང་དུ༎
ལོག་འདོད་ཅིག་སྐྱེས་སོང༌༎
ཅི་གསུང་གི་བཀའ་རྣམས༎
དང་ལེན་རང་ཞུས་ནས༎
ཚུལ་མཐུན་གྱི་རྒན་གཡོག།
རྒྱུག་འདོད་རང་ཆེ་སོང༌༎
བྱམས་ལྡན་གྱི་ཨ་མ༎
རྒྱང་རིང་དུ་བཞག་ནས༎
མི་ཡུལ་གྱི་འཚོ་བར༎
རོལ་དགོས་འདི་སྐྱོ་བ༎
གནས་སྟངས་འདི་མཐོང་དུས༎
རྒྱ་དམར་ལ་ཁྲོས་ཤིང༌༎
ལས་དབང་གི་ཐོད་པར༎
ཆག་ཆག་ཅིག་བྱེད་ཐལ༎
ལོ་ཟླ་ཡི་འཁོར་ལོ༎
རིམ་བཞིན་དུ་སྐྱོད་དུས༎
ན་ཡོལ་གྱི་ཨ་མར༎
སེམས་ཁྲལ་ཞིག་སྐྱེ་འོང༌༎
2010།10།08
No comments:
Post a Comment