སྐྱབས་མགོན་བླ་མ་ལག་ནས་ཤོར་བའི་སྐབས།།
རྒྱ་དཔོན་སེམས་པ་འཇིགས་ཀྱིས་ནོན་གྱུར་མོད།།
སློབ་ཕྲུག་སྐྱེད་སྲིང་མཛད་པའི་གནས་ཚུལ་གྱིས།།
རྒྱ་དཔོན་སེམས་པ་སྔར་བས་སྐྲག་པར་བྱས།།
རྒྱལ་ཁབ་ཅིག་གི་འབྱུང་འགྱུར་དར་རྒུད་ནི།།
དེང་གི་སློབ་མ་དག་ལ་རག་ལས་པས།།
དེ་རིང་སློབ་ལ་བརྩོན་པའི་སློབ་ཕྲུག་རྣམས།།
མ་འོངས་རྒྱལ་ཁབ་ཅིག་གི་སྟོབས་ཤུགས་ཡིན།།
ཉེ་ཆར་འཚམས་གཟིགས་ཕེབས་པའི་སྤྱི་འཐུས་ཀྱིས།།
གོང་འོག་བར་གྱི་མི་སྣ་ཐམས་ཅད་ཀྱིས།།
གཙོ་བོའི་གཙོ་བོར་འཛིན་པའི་ཡུལ་མཆོག་ནི།།
སློབ་ཕྲུག་ཡིན་ཚུལ་གསུངས་པ་བདེན་གཏམ་ཡིན།།
གནས་ལུགས་དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས།།
དེ་རིང་སློབ་ཕྲུག་ཉིན་མོ་ཞེས་པ་ནི།།
ལོ་འཁོར་གཅིག་གི་དུས་ཆེན་སྣ་མང་ནས།།
ཁྱད་པར་ཅན་གྱི་ཉིན་ཞིག་ཅིས་མ་ཡིན།།
འཁྲབ་པའི་ཉམས་དང་གྱེར་བའི་ངག་མེད་ཀྱང་།།
སེམས་ལ་དགའ་བའི་ཚོར་བ་མཐུག་པས་ན།།
དེ་རིང་ཉིན་མོར་བརྩེ་བའི་སློབ་ཕྲུག་ཀུན།།
ཐུགས་སེམས་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ།།
No comments:
Post a Comment