Tuesday, 20 October 2015

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན།

མ་ཡི་མངལ་ནས་ཐོག་མར་བཙའ་བའི་དུས།།
ཕ་ཡུལ་བོད་དེ་རྒྱ་མིས་བཟུང་ནས་འདུག།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག།
འཕགས་པའི་ཡུལ་དུ་སྐྱབས་བཅོལ་ཕེབས་ནས་འདུག།


ལུས་རྟེན་སྦྱིན་པའི་དྲིན་ཆེན་ཕ་མ་གཉིས།།
རིག་གནས་གསར་བརྗེས་སེམས་པ་དཀྲུགས་ནས་འདུག།།
ཕྲུ་གུར་ཆོས་དང་མཐུན་པའི་ཡ་རབས་ལུགས།།
ཚུལ་བཞིན་སྟོན་ལ་ཤིན་ཏུ་རྨོངས་ནས་འདུག།

བུ་ཆུང་ང་ནི་དེའི་ཚེ་དེ་ཡི་དུས།།
ཡི་གེ་ཀ་ངོ་ཙམ་ཡང་མི་ཆོད་ལ།།
མི་དགེའི་བྱ་བ་རྩོམ་ལ་ཆེས་དཔའ་བས།།
མི་ཡི་ཤ་ཚུགས་ཙམ་ལས་དུད་འགྲོ་དངོས།།

དེ་ནས་འཕགས་པའི་ཡུལ་དུ་འབྱོར་བའི་རྗེས།།
མགོན་པོ་གང་གི་ཐུགས་རྗེ་བཀའ་དྲིན་གྱིས།།
ཟས་གོས་སོགས་ལ་དཀའ་ཚེགས་མེད་པའི་ངང་།།
གནང་དེང་རིག་གནས་སྦྱོང་བའི་སྐལ་བཟང་ཤར།།
རང་གཞན་སྡུག་ལ་གཏད་པའི་མ་རབས་གཤིས།།
སྤང་བྱར་རིག་ནས་བཟང་པོའི་སྤྱོད་པ་ལ།།
འཇུག་ཚུལ་ཤེས་པས་མི་ཚེའི་བདེ་སྐྱིད་དངོས།།
ཉམས་སུ་མྱོང་བའི་མན་ངག་ཁོང་ལས་རྙེད།།

གཞན་ལ་ཕན་ཐོགས་བྱེད་པར་མི་ནུས་ཀྱང་།།
གནོད་པ་སྐྱེལ་བར་མ་བྱེད་གསུངས་པ་དེ།།
མི་ཚེའི་ཉམས་ལེན་གཙོ་བོར་བཟུང་བ་ལས།།
མི་འདོད་སྡུག་བསྔལ་དུ་མ་ངང་གིས་འགགས།།

མདོར་ན་མགོན་པོ་གང་གི་བཀའ་དྲིན་གྱིས།།
དེ་སྔ་བྱོལ་སོང་འདྲ་བའི་བུ་ཆུང་ང་།།
མི་རུ་སོང་ནས་འདི་ཕྱིར་ཕན་པའི་ལས།།
གང་ཐུབ་ཅི་ཐུབ་རྩོམ་ལ་དགའ་བར་གྱུར།།

དེས་ན་ཕ་མ་ལས་ཀྱང་དྲིན་ཆེ་བའི།།
མགོན་པོ་གང་ཉིད་སྐུ་ཚེ་བརྟན་པ་དང་།།
མི་རིང་གྲུ་འཛིན་གཉིས་པའི་ཕོ་བྲང་དུ།།
ཞབས་ཀྱི་རེ་ཁ་འགོད་པའི་སྨོན་འདུན་ཞུ།།


༢༠༡༥།༠༤།༠༡

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།