Tuesday, 20 October 2015

བཀའ་དྲིན་ཆེ་སོང་དཔེ་མཛོད་ཁང་།

རྩོམ་སྒྱུར་ཟབ་སྦྱོང་བཅུ་པ་ལ།།
མི་གྲངས་སུམ་ཅུའི་ཚད་ལགས་ཀྱང་།།
དགོངས་ཡངས་སྒོ་ནས་སོ་བརྒྱད་བཙུད།།
བཀའ་དྲིན་ཆེ་སོང་དཔེ་མཛོད་ཁང་།།


རྒྱུ་སྤུས་ལེགས་ཤིང་མདོག་མཛེས་པའི།།
དེབ་དང་ཞ་སྨྱུག་སུབ་བྱེད་སོགས།།
ཡིག་ཆས་མང་པོ་རིན་མེད་བསྩལ།།
བཀའ་དྲིན་ཆེ་སོང་དཔེ་མཛོད་ཁང་།།

སྡོད་གནས་མེད་ལ་སྡོད་ཤག་དང་།།
དཀའ་ངལ་ཅན་ལ་དཔལ་འབྱོར་གྱིས།།
བརྩེ་བ་ཆེན་པོས་གཟིགས་སྐྱོང་མཛད།།
བཀའ་དྲིན་ཆེ་སོང་དཔེ་མཛོད་ཁང་།།

ཉེར་མཁོའི་དཔེ་དེབ་མང་པོ་ཞིག།
གཞན་ལས་ཉོ་བ་ལ་སོགས་ཀྱིས།།
བདག་ཅག་རྣམས་ལ་ཕངས་མེད་སྦྱིན།།
བཀའ་དྲིན་ཆེ་སོང་དཔེ་མཛོད་ཁང་།།

འཛིན་ཆས་ཚང་བའི་འཛིན་གྲྭ་ཡོད།།
སྐོམ་ངལ་སེལ་བའི་མངར་ཇ་ཡོད།།
ལས་དོན་ཅན་ལ་དགོངས་པ་ཡོད།།
བཀའ་དྲིན་ཆེ་སོང་དཔེ་མཛོད་ཁང་།།

ལྷག་བསམ་དུང་ལྟར་དཀར་བ་དང་།།
ཐུགས་རྒྱུད་ཤེས་བྱས་གཏམས་པ་ཡི།།
ཚད་ལྡན་དགེ་རྒན་བཀོད་སྒྲིག་གནང་།།
བཀའ་དྲིན་ཆེ་སོང་དཔེ་མཛོད་ཁང་།།

ངལ་བརྒྱ་ཁྱད་དུ་བསད་མཛད་ནས།།
ཤེས་ལྡན་མི་སྣ་མང་པོ་ཞིག།
གསུང་བཤད་ཆེད་དུ་གདན་ཞུ་གནང་།།
བཀའ་དྲིན་ཆེ་སོང་དཔེ་མཛོད་ཁང་།།

དཔེ་མཛོད་ཁང་གི་བཀའ་དྲིན་དེ།།
ཡིད་ལ་བཅངས་ནས་འགྲོ་རྒྱུ་ཡིན།།
དཔེ་མཛོད་ཁང་གི་བགྱི་བ་ཀུན།།
ལམ་དུ་འགྲོ་བའི་སྨོན་ལམ་ཡོད།།


༢༠༡༥།༠༨།༠༤ ཉིན་རྡ་ས་དཔེ་མཛོད་ཁང་གིས་བདག་ཅག་ཟབ་སྦྱོང་བ་རྣམས་ལ་གཟིགས་སྐྱོང་ཚད་མེད་གནང་བར་ཐུགས་རྗེ་ཆེ་ཞུ་ཆེད་དུ་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།