སློབ་ཁང་སྡོད་ཁང་ཚར་དུ་རབ་དངར་ཞིང་།།
སློབ་དེབ་འབྲི་དེབ་ཕུང་པོར་བརྩིགས་མོད་ཀྱང་།།
སློབ་ཕྲུག་མེད་ན་ཡོད་ཚད་སྟོང་པ་སྟེ།།
སློབ་གྲྭ་ཞེས་པའི་མིང་ཡང་ག་ལ་ཡོད།།
སློབ་དགེ་ཞེས་པའི་རབ་སྙན་མིང་དེ་ཡང་།།
སློབ་ཡུལ་སློབ་ཕྲུག་ཡོད་ནས་འཐོབ་པ་ལས།།
སློབ་ཕྲུག་ཅེས་པའི་སྲོག་ལྡན་མེད་གྱུར་ན།།
སློབ་སྦྱོང་ཡོད་ཀྱང་སློབ་དགེ་སུ་ཡིས་བརྗོད།།
སློབ་ཁང་གྲུ་བཞིའི་ནང་གི་སློབ་ཕྲུག་རྣམས།།
སློབ་གྲྭར་གནས་རིང་སློབ་གྲྭའི་གསོན་ཤུགས་ཡིན།།
སློབ་གྲྭ་ཐོན་ནས་ལས་དོན་སྒྲུབ་པའི་སྐབས།།
སློབ་སྦྱོང་བཀོལ་བའི་ལུང་པའི་སྟོབས་ཤུགས་ཡིན།།
སློབ་གྲྭར་ཉེ་ཆར་ཕེབས་པའི་སྤྱི་འཐུས་ཀྱིས།།
སློབ་ཕྲུག་རྣམས་ནི་གལ་གནད་ཆེ་ཤོས་ཞེས།།
སློབ་གྲྭའི་ཚོགས་ཁང་ནང་དུ་གསུངས་པ་དེ།།
སློབ་དགེ་ངས་ནི་བདེན་པའི་གཏམ་དུ་འཛིན།།
སློབ་ཕྲུག་ཅེས་པ་རྩ་ཆེའི་དངོས་ཡིན་ཕྱིར།།
སློབ་ཕྲུག་ཉིན་ནི་རྩ་ཆེའི་ཉིན་མོ་སྟེ།།
སློབ་ཕྲུག་ཉིན་མོ་ཞེས་པའི་དུས་བཟང་ལ།།
སློབ་ཕྲུག་ཡོངས་རྫོགས་ཐུགས་སེམས་སྤྲོ་བར་སྨོན།།
No comments:
Post a Comment