Tuesday, 20 October 2015

ཡིད་ནས་རེ་ཡོད།

ཉིས་སྟོང་བཅུ་བཞི་གཏན་དུ་ཆས་སོང་།།
ཉིས་སྟོང་བཅོ་ལྔ་དེ་རིང་ཚེས་སོང་།།
ཕྱི་ལོ་གསར་པའི་དུས་ཡུན་རིང་ལ།།
བོད་ལ་ལོག་རྒྱུ་ཡིད་ནས་རེ་ཡོད།།


རང་དབང་ཉི་མ་བོད་ལ་ཤར་ནས།།
གཞིས་བྱེས་ལྷན་འཛོམས་ཡིད་ནས་རེ་ཡོད།།
གྲུ་འཛིན་གཉིས་པའི་གཞལ་ཡས་ཁང་དུ།།
མགོན་པོ་འཁོད་རྒྱུ་ཡིད་ནས་རེ་ཡོད།།

དྲིན་ཆེན་མ་ལོའི་གམ་དུ་བསྡད་ནས།།
རྒན་གཡོག་རྒྱུག་རྒྱུ་ཡིད་ནས་རེ་ཡོད།།
བུ་མོ་ཆུང་ཆུང་ཕ་སའི་པང་ནས།།
འཚར་ལོངས་འབྱུང་རྒྱུ་ཡིད་ནས་རེ་ཡོད།།

འདོ་བ་རྟ་ལ་སྐྱིད་བཞོན་བརྒྱབ་ནས།།
རྩྭ་ཐང་མྱུལ་རྒྱུ་ཡིད་ནས་རེ་ཡོད།།
ཡན་ལག་བརྒྱད་ལྡན་ཆུ་ལ་སྤྱད་ནས།།
སྐོམ་པ་བསལ་རྒྱུ་ཡིད་ནས་རེ་ཡོད།།

གངས་སེང་རྒྱལ་དར་མཁའ་དབྱིངས་བསྒྲེངས་ནས།།
རྒྱལ་གླུ་གཏང་རྒྱུ་ཡིད་ནས་རེ་ཡོད།།
གངས་ལྗོངས་ཕ་སའི་པང་འཇམ་ངོས་ནས།།
ཕྱི་མར་ཆས་རྒྱུ་ཡིད་ནས་རེ་ཡོད།།


༢༠༡༥།༠༡།༠༡

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།