Monday, 21 May 2018

མཚན་གཡོག


ན་རྒས་གྱོས་མོ་ནད་ཀྱིས་མནར་ཏེ་ཅུང་ཟད་མ་གཏོགས་ཕྱི་མར་ཆས་སོང་།།
སྨན་བཅོས་ལག་རྩལ་བཟང་བའི་མཐུ་ལས་འཆི་བདག་ཁ་ནས་འཕྲོག་པར་ནུས་སོང་།།
ཡར་སློང་མར་སྙོལ་ལས་ཀྱི་དགོས་མཁོས་མཚན་གཡོག་རེ་མོས་གཏན་ལ་ཕབ་སོང་།།
བཅུ་ནས་གཉིས་དང་གཉིས་ནས་དྲུག་སྟེ་དོ་ནུབ་ང་རང་ཕྱི་མར་ཁེལ་ཡོད།།

 དགུ་པ་ཙམ་ནས་འཕྲུལ་རྟར་བཞོན་ཏེ་དགའ་ལྡན་ཕྱོགས་སུ་དལ་གྱིས་བསྐྱོད་ཡིན།།
གནས་སུ་འབྱོར་མཚམས་འབུ་གུར་ཕུབ་སྟེ་ཉལ་བའི་སྟ་གོན་ཚགས་ཚུད་བྱས་ཡིན།།
སྔ་ཉལ་གོམས་གཤིས་བདག་ལ་མེད་པས་གང་འཚམ་བར་དུ་ཁ་པར་བསྔོགས་ཡིན།།
བཀྲ་དགའ་སླེབས་ནས་ཁ་བརྡ་གློད་པར་དེ་ལའང་དུས་ཚོད་ཕྲན་བུ་བཏང་ཡིན།།

བཀྲ་དགའ་སོང་རྗེས་ཉལ་རྒྱུའི་ཚབ་ཏུ་མུ་མཐུད་ཁ་པར་སྔོག་གིན་བསྡད་ཡིན།།
བཅུ་གཉིས་ཟིན་པ་མིག་གིས་རིག་དུས་ཁ་པར་གཏན་ནས་ཉལ་འགོ་བརྩམས་ཡིན།།
ཨུ་ཚུགས་བརྒྱབ་ནས་ཉལ་ལ་ཞུགས་པས་གང་འཚམ་ཞིག་ནས་གཉིད་ལ་ཡུར་འདུག།
ཆུ་ཚོད་བསྒྲིགས་ནས་ཏན་ཏིག་བྱས་ཀྱང་ཅོང་བརྡའི་སྔོན་དུ་ང་རང་སད་སོང་།།

གཉིད་ཀྱིས་བདུད་བཞིན་དབང་དུ་བསྡུས་ཀྱང་དྲན་ཤེས་བསྟེན་ཏེ་མལ་ལས་ལྡང་ཡིན།།
ཆུ་གྲང་ཧུབ་འགའ་རྔམ་གྱིས་བཏུངས་ནས་ཁྲུས་ཁང་ཕྱོགས་སུ་བསྐྱོད་པར་བྱས་ཡིན།།
གདོང་དང་སྐྲ་ལོར་ཆུ་གྲང་འབྱུགས་ནས་གཉིད་ཀྱི་གདོན་འདྲེ་རིང་དུ་བསྐྲད་ཡིན།།
བསིལ་ལྷམ་ཟུང་དེ་སྒོ་རྩར་ཕུད་ནས་གྱོས་མོ་ཡོད་སའི་ཁང་པར་འཛུལ་ཡིན།།

གྱོས་མོ་དང་ནི་ནད་གཡོག་གཉིས་ཀ་རྨི་ལམ་གྲོང་དུ་མྱུལ་ནས་བསྡད་འདུག།
གཉིས་ནས་དྲུག་བར་བསྡད་དགོས་ཡོད་ཕྱིར་ང་རང་ག་ལེར་གདན་ལ་བསྡད་ཡིན།།
སྒུག་རྒྱུ་མ་གཏོགས་བྱ་རྒྱུ་མེད་སྟབས་ལག་ཐོགས་ཁ་པར་ལག་ཏུ་བླངས་ཡིན།།
འབྲི་འདོད་ཅིག་གིས་དྲག་ཏུ་བསྐུལ་བས་རྩོམ་འདི་འབྲི་ལ་ངལ་བ་བསྟེན་ཡིན།

ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་ ༠༤ ཉིན་གྱི་ཐོ་རེངས་ཆུ་ཚོད་ ༢ ཙམ་ལ་བྲིས་སོ།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།