Monday, 21 May 2018

མི་ཚེའི་བརྒྱུད་རིམ།


བཅུ་ལ་ལོན་དུས་སྐྱེས་ཡུལ་བཞག་ཡིན།།
བཅུ་གཉིས་ཆགས་དུས་མི་ཡུལ་འབྱོར་སོང་།།
སློབ་གྲྭ་འགྲིམ་པའི་གོ་སྐབས་བཟང་པོ།།
མགོན་པོའི་ཐུགས་རྗེས་བདག་ལ་ཐོབ་སོང་།།

ཨ་མ་དྲན་པའི་དྲན་གདུང་ཁུར་ནས།།
གནའ་དེང་རིག་གནས་སྦྱོང་ལ་བརྩོན་ཡིན།།
འཛིན་རིམ་བརྒྱད་པ་ཐོན་པའི་རྗེས་ལ།།
ཝ་ར་ཎ་སིར་འཛུལ་ཞུགས་བྱས་ཡིན།།

སློབ་དཔོན་འཛིན་གྲྭ་ཐོན་མ་ཐག་ཏུ།།
དགེ་འོས་འཛིན་གྲྭར་སྤྲོ་བས་ཞུགས་ཡིན།།
པ་ཀུལ་ལག་ཤེས་ཁང་དུ་བསྐྱོད་ནས།།
ཟླ་བ་གསུམ་རིང་སློབ་འཁྲིད་བྱས་ཡིན།།

བོད་ཕྲུག་ཁྱིམ་སྡེ་ཕ་མ་འདྲ་ཞིང་།།
དྲིན་ལན་འཇལ་འདོད་སེམས་ལ་ཡོད་པས།།
སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་སོང་ནས།།
ལོ་ངོ་གསུམ་རིང་དགེ་རྒན་བྱས་ཡིན།།

རྩོམ་སྒྱུར་ཟབ་སྦྱོང་བཅུ་པར་ཞུགས་ནས།།
ལོ་ཙཱའི་རིག་གནས་སྦྱོང་ལ་འབད་ཀྱང་།།
བུ་མོ་དྲན་པའི་གདུང་བ་ལྕི་མོས།།
ཟླ་གཅིག་སོང་རྗེས་ནང་དུ་ལོག་ཡིན།།

སེར་བྱེས་དགོན་གྱིས་བསྐུལ་བ་གཞིར་བཟུང་།།
སྐད་སྒྱུར་འཛིན་གྲྭའི་དགེ་རྒན་བྱས་ཡིན།།
དགེ་ཆེའི་ས་མིག་ཡོད་རབས་ཐོས་ནས།།
རྡ་རམ་ས་ལར་བཅར་འདྲིར་སོང་ཡིན།།

དགེ་ཆེའི་གནས་སུ་འདེམས་ཐོན་བྱུང་ནས།།
བཟའ་མི་ངེད་གསུམ་མོན་གྷོར་སྤོས་ཡིན།།
དགེ་ཆེ་ཞེས་པའི་མིང་དེ་བཟུང་ནས།།
ལོ་ངོ་གཉིས་ཙམ་འཁོར་ལ་ཉེ་འདུག།

བློ་མཐུན་དགེ་ལས་འཕྲད་པའི་སྒང་ལ།།
སློབ་མའི་གཤིས་ཀ་འཇམ་པ་དེ་ཡིས།།
ལོ་ངོ་གཉིས་ལ་ཕྱི་མིག་འཕེན་དུས།།
སེམས་ལ་དགའ་སྤོབས་གང་འཚམ་རྒྱས་སོང་།།

ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༠༥ ཚེས་ ༡༨ ཉིན་གྱོས་མོ་ལ་ནད་གཡོག་རྒྱུག་པའི་ཞོར་དུ་བྲིས།



No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།