Wednesday, 2 December 2015

སྐུ་ཚེ་ཡུན་རིང་བརྟན་ཤོག

ཤཱཀྱའི་ཆོས་ཀྱི་བདུད་རྩི།།
རིས་མེད་འགྲོ་ལ་སྩོལ་བའི།།
ཤཱཀྱའི་དགེ་སྦྱོང་ཆེན་པོ།།
སྐུ་ཚེ་ཡུན་རིང་བརྟན་ཤོག།

ལྷ་ས་བོད་ཀྱི་རྒྱལ་ས།

ལྷ་ས་བོད་ཀྱི་རྒྱལ་ས།།
སྐྱིད་ཆུ་སྔོན་མོ་རྒྱུག་ས།།
ཕོ་བྲང་དམར་པོ་འགྱིང་ས།།
འཛམ་གླིང་མི་སྣ་འཁོར་ས།།

ཡིད་ཀྱི་སྨོན་འདེབས།

འཛམ་གླིང་ཡུལ་གྲུ་ཀུན་ཏུ།།
འོད་དཀར་སྤྲོ་བའི་རྟ་བདུན།།
གྲུ་འཛིན་གཉིས་པའི་རྩེ་ནས།།
འཆར་བའི་སྨོན་ལམ་འདེབས་ཡོད།།

Tuesday, 20 October 2015

རླབས་ཆེན་མི་རིགས་གངས་ཅན་པ།

སྐད་དང་ཡི་གེར་ཐོགས་པ་བྲལ།།
བྱམས་དང་སྙིང་རྗེས་རང་རྒྱུད་བརླན།།
རིག་གཞུང་ཕྱུག་མོའི་རྒྱུན་འཛིན་བ།།
རླབས་ཆེན་མི་རིགས་གངས་ཅན་པ།།

ཨ་མྱེ་ཚང་།

སྔོན་བྱོན་མེས་པོ་དཔའ་མཛངས་ཆེ།།
ད་བཞུགས་རྒན་པོ་ཉམས་མྱོང་ཆེ།།
གསར་སྐྱེས་གཞོན་ནུ་བློ་སྟོབས་ཆེ།།
ཨ་མྱེ་ཚང་གི་གཟི་བརྗིད་ཡིན།།

སློབ་ཕྲུག་ཉིན་མོ་དགའ་བས་བསུ།

སྐྱབས་མགོན་བླ་མ་ལག་ནས་ཤོར་བའི་སྐབས།།
རྒྱ་དཔོན་སེམས་པ་འཇིགས་ཀྱིས་ནོན་གྱུར་མོད།།
སློབ་ཕྲུག་སྐྱེད་སྲིང་མཛད་པའི་གནས་ཚུལ་གྱིས།།
རྒྱ་དཔོན་སེམས་པ་སྔར་བས་སྐྲག་པར་བྱས།།

རྩ་ཆེའི་ཉིན་མོ་ཞིག་ལ་ཕུལ་བའི་ཤིས་སྨོན།

སློབ་ཁང་སྡོད་ཁང་ཚར་དུ་རབ་དངར་ཞིང་།།
སློབ་དེབ་འབྲི་དེབ་ཕུང་པོར་བརྩིགས་མོད་ཀྱང་།།
སློབ་ཕྲུག་མེད་ན་ཡོད་ཚད་སྟོང་པ་སྟེ།།
སློབ་གྲྭ་ཞེས་པའི་མིང་ཡང་ག་ལ་ཡོད།།

ཡིད་ནས་རེ་ཡོད།

ཉིས་སྟོང་བཅུ་བཞི་གཏན་དུ་ཆས་སོང་།།
ཉིས་སྟོང་བཅོ་ལྔ་དེ་རིང་ཚེས་སོང་།།
ཕྱི་ལོ་གསར་པའི་དུས་ཡུན་རིང་ལ།།
བོད་ལ་ལོག་རྒྱུ་ཡིད་ནས་རེ་ཡོད།།

༸སྐྱབས་རྗེ་ཟམ་གདོང་བླ་མར་བསྟོད།

སྐུ་ཡི་རྟ་བདུན་གངས་ཅན་ལྗོངས་ནས་འཚེར།།
མཛད་པའི་འོད་ཟེར་འཕགས་པའི་ཡུལ་ནས་འཕྲོས།།
སྙན་པའི་བ་དན་གོ་ལའི་ཁྱོན་དུ་གཡོ།།
སྐྱབས་རྗེ་ཟམ་གདོང་བླ་མར་སྙིང་ནས་བསྟོད།།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན།

མ་ཡི་མངལ་ནས་ཐོག་མར་བཙའ་བའི་དུས།།
ཕ་ཡུལ་བོད་དེ་རྒྱ་མིས་བཟུང་ནས་འདུག།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག།
འཕགས་པའི་ཡུལ་དུ་སྐྱབས་བཅོལ་ཕེབས་ནས་འདུག།

བཀའ་དྲིན་ཆེ་སོང་དཔེ་མཛོད་ཁང་།

རྩོམ་སྒྱུར་ཟབ་སྦྱོང་བཅུ་པ་ལ།།
མི་གྲངས་སུམ་ཅུའི་ཚད་ལགས་ཀྱང་།།
དགོངས་ཡངས་སྒོ་ནས་སོ་བརྒྱད་བཙུད།།
བཀའ་དྲིན་ཆེ་སོང་དཔེ་མཛོད་ཁང་།།

དྲན་གྱི།

ཚེ་སྔོན་ལས་ཀྱི་མཐུ་ལས།།
རྩོམ་སྒྱུར་ཟབ་སྦྱོང་ནང་ལ།།
ཟླ་གཅིག་ཞག་མ་བཞིའི་རིང་།།
བསྡད་རྒྱུའི་གོ་སྐབས་ཐོབ་སོང་།།

ཨེ་མ་མཚར།

འཆད་འཁྲིད་རྐྱང་པ་གནང་ནས་མི་བཞུགས་པར།།
གད་མོ་སློང་བའི་དགོད་བྲོའི་མཚར་གཏམ་གྱིས།།།
ཉོབ་སྣང་སྐྱེ་བའི་གོ་སྐབས་འཕྲོག་མཁས་པའི།།
དགེ་བཤེས་ལྷག་རྡོར་འཁྲིད་རྩལ་ཨེ་མ་མཚར།།

Wednesday, 14 January 2015

ཚོགས་ཐུན་དང་པོ།

བདུན་པ་ཡོལ་ཙམ་ཞིག་ལ་གཉིད་ལས་སད།།
བྲེལ་འཚུབ་ཆེན་པོས་ཁ་ངོ་བཀྲུས་པར་བྱས།།
རྗེས་ལུས་ཐེབས་ན་མི་ལེགས་བསམ་པ་ཡིས།།
ཞོགས་པའི་ཟས་ཀྱང་མེད་པར་འཛིན་གྲྭར་བསྐྱོད།།

Tuesday, 6 January 2015

སེམས་ཀྱི་འཁུན་སྒྲ།

བརྩེ་བ་ཡོད་པའི་གནས་ལུགས་སྙན་མོ་ཞིག།
ཁ་ནས་མ་ཎི་བཞིན་དུ་བགྲང་མོད་ཀྱང་།།
དངོས་སུ་བརྩེ་བ་དགོས་པའི་དུས་ཀྱི་ཚེ།།
བརྩེ་བའི་ལྡོག་ཟླ་ལས་པ་ཁོང་ཚོའི་གཤིས།།

Monday, 5 January 2015

ཕྱི་ལོ་ཉིས་སྟོང་བཅོ་ལྔ་བསུ་བ།

ལོ་མ་རླུང་གིས་འདེད་པ་བཞིན།།
ལོ་ཡང་ལོ་ལྟར་འགྱུར་བཞིན་འདུག།
ཉིས་སྟོང་བཅུ་བཞི་རྫོགས་ནས་འདུག།
ཉིས་སྟོང་བཅོ་ལྔ་ཚེས་ནས་འདུག།

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།